ཉེ་བའི་ཆར་བོད་ཟླ༥བའི་ཚེས་༢༥དང་ཕྱི་ཟླ༧པའི་ཚེས་༦ཉིན་ཏེ་བཀྲ་ཤིས་དུས་བཟང་གི་ ཉི་མ་དེ་ནི་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་ བདག གངས་ལྗོངས་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དམ་པ་༧གོང་ས་༧སྐྱབས་ མགོན་ཆེན་པོ་མཆོག་དགུང་གྲངས༧༥སོན་པའི་ སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར། བོད་ཆོལ་ཁ་གསུམ་གྱི་ས་གནས་ཡུལ་ལུང་སོ་སོ་ནས་རྣམ་པ་འདྲ་མིན་ཐོག་སྐུའི་ འཁྲུངས་ སྐར་སྲུང་བརྩི་བྱས་ཡོད་འདུག དེ་བཞིན་བོད་མདོ་སྨད་མགོ་ལོག་ཁུལ་གྱི་རྨ་ཡུལ་གླིང་སེང་ཆེན་རྒྱུ་རྩལ་ཚོགས་ པའི་ཚོགས་གཙོ་ལས་ཐོག་པ། གཙང་མཆོད་ བརྟེན་དང་། ཀླུ་མ་སྐད་གྲགས་ཅན་ཀུན་དགའ་སྒྲོལ་མ། དེ་བཞིན་ཚིག་རྩོམ་པ་པོ་གཙང་ཐུབ་བསྟན་ཡེ་ཤེས་སོགས་ཀྱིས་རང་ཉིད་ཀྱི་ལུས་ངག་ ཡིད་གསུམ་གྱི་མཆོད་པ་གླུ་རུ་བཀུག་ནས། རྒྱ་གཞུང་གི་བཙན་གནོན་དང་ཚད་བཀག་གི་བྱ་སྤྱོད་རིགས་ལ་འཇིགས་ཞིམ་མེད་པར་གཞིས་ སྡོད་ བོད་མིའི་སེམས་ཀྱི་སྨོན་པ་ཐ་དག་སྙན་པའི་ངག་ལ་སྐྱོན་ནས་འཛམ་གླིང་གི་ཡུལ་གྲུ་ གང་སར་བསྐྱལ་ཡོད་འདུག གཤམ་དུ་ཁོང་རྣམ་པའི་གཞས ཚིག་དང་སྐད་ངག་ལ་གསན་ཆོག
ཆོས་མདོ་སྔགས་རྒྱ་གར་ཡུལ་ནས་དར།
ལུང་འཆད་ཉན་གངས་ཅན་བོད་ནས་རྒྱས།
གང་གི་གདུལ་བྱ་འཛམ་གླིང་ཀུན་ལ་ཁྱབ།
ཆོས་བསྟན་པ་དར་བའི་གླུ་ཞིག་ལེན།
རྗེ་བླ་མ་ཨ་མདོའི་ཡུལ་ནས་འཁྲུངས།
སྐུའི་མཛད་འཕྲིན་རྒྱ་གར་ཡུལ་ནས་རྒྱས།
མཚན་སྙན་གྲགས་འཛམ་གླིང་ཀུན་ལ་ཁྱབ།
ཁྱེད་སྐུ་ཚེ་བརྟན་པའི་གླུ་ཞིག་ལེན།
 
ང་གླུ་བ་གངས་ཅན་བོད་ནས་ཡོང་།
ངག་སྙན་མོ་འདིར་ཚོགས་ཁྲོམ་ལ་བླངས།
བཀྲ་ཤིས་བའི་གངས་ཅན་ལྗོངས་ལ་ཁྱབ།
བོད་གཞིས་བྱེས་འཛོམས་པའི་གླུ་ཞིག་ལེན།
བཀྲ་ཤིས་བའི་གངས་ཅན་ལྗོངས་ལ་ཁྱབ།
བོད་གཞིས་བྱེས་འཛོམས་པའི་གླུ་ཞིག་ལེན།
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )