རྩོམ་པ་པོ་གསུམ་ལ་ཉེས་རྡུང་བཏང་འདུག
ན་གཞོན་རྩོམ་པ་པོ་སྒོ་ཡོན་དང་། ཧོར་དགེ་འདུན་བཟང་པོ། ཤེས་རབ་གསུམ་རྒྱའི་ཉེན་རྟོག་པས་གློ་བུར་འཛིན་བཟུང་གིས་འདྲི་གཅོད་དང་རྡུང་ རྡེག་ཚད་མེད་བཏང་བའི་རྐྱེན་གྱིས་ད་ལྟ་སྨན་ཁང་དུ་ཉལ་དགོས་པ་བཟོས་ཡོད་འདུག རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་ འདུག འདི་གར་བཏང་བའི་གནས་ཚུལ་ལྟར་ན། བོད་ནས་འབྲེལ་ཡོད་ཀྱི་ཁ་པར་རྒྱུད་ནས་གནས་ཚུལ་ངོ་སྤྲོད་གནང་དོན། སྤྱི་ཟླ་ ༦ ཚེས་ ༥ ཡི་དགོང་མོའི་དུས་ཚོད་ ༡༡ དང་ ༡༢ ཡས་མས་སུ། ཁམས་ཕྱོགས་ཀྱི་ན་གཞོན་རྩོམ་པ་པོ་སྒོ་ཡོན་དང་ཐུར་རམ་དགེ་འདུན་བཟང་པོ། ཁོང་གཉིས་ཀྱི་སློབ་གྲོགས་གསེར་རྟ་ཤེས་རབ་གསུམ་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་ མི་སྡོད་སྒར་ཁྲོམ་གྱི་བྱང་གི་སྲང་ལམ་ཞིག་ཏུ་དགོང་ཟས་ཤིག་ཟ་རུ་འགྲོ་སྐབས། གློ་བུར་དུ་ཉེན་རྟོག་པའི་རླངས་འཁོར་གཅིག་དང་རླངས་འཁོར་གཞན་འགའ་ཡི་ནང་ནས་ དྲག་ཆས་སྤྲས་མེད་པའི་ཉེན་རྟོག་པ་བཅོ་ལྔ་ཡས་མས་ཤིག་བབས་ནས་ཁོང་གསུམ་རུབ་སྟེ། ཁོང་ཚོའི་ལུས་སྟེང་དུ་སྦྲིད་རྫས་ཤིག་གཏོར་རྗེས་ལྕགས་དབྱུག་སོགས་ཀྱིས་མགོ་ དང་རྐང་པ་ལ་གང་བྱུང་གཞུས་ནས་དྲན་པ་འཐོར་རྗེས་རླངས་འཁོར་ནང་བཅུག་ནས་ཁྲིམས་ ལས་ཁང་ཞིག་ཏུ་ཁྱེར་ཞིང༌། དེ་ནས་རྐང་ལག་བསྡམས་ནས་ཆབ་སྲིད་ཀྱི་ལས་ཀ་ཅི་ཞིག་བྱས་ཡོད་པ་སོགས་ཀྱི་ཚ་འདྲི་ དང་གློག་རྒྱུག་སོགས་ལག་ཆ་འདྲ་མིན་གྱིས་རྡུང་རྡེག་ཚད་མེད་བཏང་བར་མ་ཟད། གཟུགས་པོ་དང་ཁུག་མ། ཁ་པར་དང་པར་ཆས་སོགས་བསྔོག་བཤེར་ཡང་བྱས་འདུག ད་དུང་མེ་མདའ་ཐོད་པར་བཙུགས་ཏེ་དྲང་པོར་མ་བཤད་ན་ད་ལྟ་ཉིད་དུ་འདི་ནས་གསོད་ ངེས་ཡིན་ལུགས་ཀྱི་འཇིགས་སྐུལ་ཡང་བྱས་འདུག ཁོང་ཚོས་རང་ཉིད་འཇུ་བཟུང་དགོས་དོན་ཅི་ཡིན་མིན་ཉེན་རྟོག་མི་སྣར་ཕར་དྲིས་དུས་ སྔར་ལས་ཆེ་བའི་གཅར་རྡུང་བྱེད་པ་ལས་གསལ་བཤད་ཅི་ཡང་བྱས་མི་འདུག ཁོང་གསུམ་ལ་ཚ་འདྲི་དང་རྡུང་རྡེག ཁུག་མ་དང་དཔར་ཆས་སོགས་བསྔོགས་གཤེར་བྱས་པ་ལས་ཁྲིམས་ཀྱི་ནག་ཉེས་འཕོག་པའི་གནད་ དོན་གང་ཡང་མ་རག་སྟབས། འདྲ་པར་ཁ་ཤས་སྒྲོན་ནས་ཐོབ་ཐང་དཔང་ཡིག་གི་ཨང་གྲངས་མཉམ་དུ་དྲ་ལམ་ཞིག་ཏུ་ཉར་ ཚགས་བྱས་ཏེ་སྔ་དྲོའི་དུས་ཚོད་ ༨ ཡས་མས་སུ་གློད་གྲོལ་བཏང་འདུག འགྲོ་ཁར་ད་དུང་དུས་ཚོད་ངེས་མེད་ཐོག་འཛིན་བཟུང་བྱ་ཆོག་ཆོག་ཡིན་པའི་ཉེན་བརྡ་ ཡང་བཏང་འདུག ཕྱི་ཚེས་ ༡༠ ཉིན་ཧྥ་རན་སིར་རྟེན་གཞི་བྱས་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། འདས་པའི་ཟླ་ངོ་འདི་དག་གི་རིང་རྒྱ་ནག་གཞུང་གིས་བོད་རིགས་རྩོམ་པ་པོ་དང་། གསར་འགོད་པ་རྣམས་ལ་བཀག་ཉར་དང་དྲག་རྡུང་བྱེད་པའི་དོན་རྐྱེན་ཚབས་ཆེན་གཉིས་ བཟོ་བཞིན་པའི་ཐད་སྐྱོན་བརྗོད་བྱེད་ཀྱིན་ཡོད་ཅེས་བཤད་ཡོད་པ་རེད། མཐུན་ཚོགས་འདིས་སྒོ་ཡོན་སོགས་རྩོམ་པ་པོ་གསུམ་ལ་ཉེས་རྡུང་བཏང་བའི་སྐོར་དང་། ཕྱི་ཟླ་ལྔ་བའི་ཚེས་ ༢༤ ཉིན་རྔ་བ་ནས་འབྲོག་རུ་ཚུལ་ཁྲིམས་འཛིན་བཟུང་བྱས་པ་བཅས་ལ་སྐྱོན་བརྗོད་བྱས་ ཡོད་པ་རེད། རྩོམ་པ་པོ་སྒོ་ཡོན་ནི་བྲག་འགོ་སྒོ་ཆེན་དགོན་པའི་གྲྭ་བ་དང་གངས་གཞོན་སྨྱུག་ ཚོགས་ཀྱི་ཚོགས་མི། «བོད་»ལོ་དེབ་དང«སྤུར་རྒྱལ་གྱི་རྣམ་ཤེས»ལོ་དེབ་གཉིས་ཀྱི་རྩོམ་སྒྲིག་པ་ཡིན་ འདུག་ལ། རྩོམ་པ་པོ་ཐུར་རམ་ཧོར་དགེ་འདུན་བཟངཔོ་ནི་བྲག་འགོ་ནས་ཡིན་་པ་དང་རང་དབང་རྩོམ་ པ་པོ་ཞིག་ཡིན་འདུག རྩོམ་པ་པོ་ཤེས་རབ་ནི་གསེར་རྟ་ནས་ཡིན་འདུག་པ་དང་། ཁོང་གསུམ་ཀ་ཁམས་གསེར་རྟ་བླ་རོང་དགོན་པ་ནས་སློབ་སྦྱོང་བྱས་ཤིང་། ད་ལྟར་ཁྲིན་ཏུ་རུ་རྒྱ་ཡིག་ལ་སློབ་གཉེར་བྱེད་བཞིན་ཡོད་འདུག
 
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )