ཁྲག་གི་འབོད་པ། རྩོམ་པ་པོ། གཟུངས་ཕྱུག་སྐྱིད །

གནམ་སྔོན་གུར་ཁང་གྱེན་དུ་འདེགས་པའི་གངས་དཀར་ལྷུན་པོའི་ཡང་རྩེ་ན།།
འཚེ་མེད་དགེ་བ་དོན་དུ་གཉེར་བའི་གདོང་དམར་བོད་པའི་བུ་རྒྱུད་ཞེས།།
རང་བྱུང་བརྩེ་དགའ་ལྷུག་ལྷུག་རྒོད་ཅིང་མི་ཡི་དེ་ཉིད་སྲུང་མཁས་པོའི།།
ཕ་སའི་བདེ་དྲོད་ཐོལ་གྱིས་དཀྲོགས་པས་གཅེས་པའི་ཡན་ལག་ས་ལ་བརྡབས།།

མི་འདོད་ལས་དགུ་ལག་ཏུ་བསྟར་བས་འཇིག་རྟེན་མི་ཡི་གྲལ་མཐའ་ནས།།
སྐྱབས་མེད་རང་ལུས་རྗེན་པར་ཕུད་པའི་ཕམ་ཉེས་ནག་པོའི་བྱུང་བ་ལ།།
མ་བཟོད་སྙིང་གི་འབོད་ཤུགས་རིང་མོས་དྲག་པོའི་དཔུང་ལ་ཡ་ལན་སྤྲད།།
རྔམ་ནག་མུན་པའི་དཀྱོགས་མཚམས་དེ་ནས་བདེན་པའི་འོད་སྣང་ཐོད་ཀྱིས་བསུས།།

དུས་ཀྱི་རྟ་རྒོད་བང་གིས་རྒྱུགས་པས་དྲན་པའི་གདུང་སེམས་ཁྲག་གིས་བྲིས།།
ཆོལ་གསུམ་ཁྲོས་པའི་ཀི་སྒྲ་ཞིག་གིས་གོ་ལ་ཟླུམ་པོའི་ཏིང་འཛིན་དཀྲོགས།།
ཞུམ་མེད་བྲང་ཁོག་རྗེན་པར་བསྟན་ནས་རིགས་ཞེན་ལ་རྒྱའི་ལྕགས་རི་བསྲུངས།།
གཡོ་མེད་དམ་བཅའ་ཁྲག་ཏུ་ལུད་པས་དམར་ནག་དགྲ་ཡི་མིག་ཟུང་བཀབ།།
འདི་ནི་ཁྱེད་ཀྱིས་བླ་མར་ཕུལ་བའི་དམ་ཚིག་གཙང་མའི་ཁ་བཏགས་ཡིན།།
འདི་ནི་ཁྱེད་ཀྱིས་རིགས་ལ་ཕུལ་བའི་ཡིད་ཆེས་ཤིག་གི་དཔང་བོ་ཡིན།།
འདི་ནི་ཁྱེད་ཀྱིས་ཁྱེད་ལ་ཕུལ་བའི་བསྐལ་པའི་བར་གྱི་རྡོ་རིང་ཉིད།།

 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )