རྡུང་བཞིན་པའི་སྒོ་གླེགས། རྩོམ་པ་པོ། དབུས་ཕྲུག་ཚེ་རིང་།

མིག་མདས་མ་ཟིན་པའི་རི་ལུང་གྲངས་མེད་ཀྱི་ཕར་ངོགས་ན
ལྟ་བས་ཆོག་མི་ཤེས་པའི་མཛེས་སྡུག་དང
དུས་རབས་ཀྱི་ཉམས་འགྱུར་རྫོགས་པའི་གླུ་མ་དེ་ཡོད་སྐད
དེ་ལས་ཀྱང་མཚར་ཉམས་དང་ཡིད་དུ་འོང་བ་ནི
ང་ཚོའི་རྨི་ལམ་གྱི་གུར་ཁང་ལ་ལྡང་འོང་བའི་རྩྭ་ཐང་གི་དགོད་སྒྲ་དང
ང་ཚོའི་རེ་སྒུག་ན་སྦྲུམ་པའི་རང་དབང་གི་སྐྱེས་ཟླ་ཡིན

མལ་སྟན་འཇམ་པོ་ཞིག་གི་བདེ་དྲོད་འོག
ལུས་སེམས་ན་ཁུར་བོ་ཡང་བའི་མི་ཡུལ་གྱི་ལྡོམ་བུ་བ
འཚོ་སྡོད་རྣལ་མ་ཞིག་གི་ལས་དབང་ལ་འཇིགས་སམ་ཅི

དབྱར་གསུམ་གྱི་དྲག་ཆར་དང
དགུན་གསུམ་གྱི་གྲང་ལྷགས་རྩུབ་མོས
རྡུང་བཞིན་པའི་སྒོ་གླེགས
ད་གཟོད་འོན་པ་ཞིག་ཡིན་ཡང་གོ་ཚོད་དང
ལོང་བ་ཞིག་ཡིན་ཡང་མཐོང་ཚོད་ཡིན་པས
ང་ཚོ་འདི་ལྟར་ཅི་ཞིག་གིས་ནོངས་སོང་བ་ཡིན

མཐོ་སྒང་གི་རི་གྲོང་ན
དཔྱིད་དུས་ཀྱི་ནམ་ཟླ་དང
ཞོགས་པའི་ཉི་ཟེར་ཞིག་གི་སླད
ཕ་བོང་དང་རྡོ་ཟེགས་ཀྱི་ཁྲོད་ནས་འབུར་ཞིང
གཞུང་རྟ་ཕྲ་བའི་ལྗང་མྱུག་རེ་རེ
བཙན་དུག་གི་ཝུ་ཆང་མངར་མོ་རེ་རེས་དྲུང་ནས་འབྱིན

ལྷ་ཆོས་དང་འཇིག་རྟེན་ཕྱི་མར་རེ་བཞག་མི་མཐོ་ཡང
ཟུངས་ཁྲག་དང་རིགས་རུས་ལ་རྨ་ཁ་ཟབ་པས
འཇིག་རྟེན་ན་བདེན་ལུགས་ཤིག་ཡོད་ན
རྡུང་བཞིན་པའི་སྒོ་གླེགས་དང
བྲང་ཁར་འཕར་སྒྲ་མི་གསལ་བའི་དབུགས་རྒྱུན་ཟད་པོ་དེས
གློ་སྙིང་ཚལ་བར་གཤགས་པའི་མེ་སྟག་ཅིག་མཆེད་ངེས་ལ
རུས་རྐང་ལ་བསྲན་མི་ཐུབ་པའི་ཟུག་གཟེར་ཞིག་རྒྱག་ངེས་ཡིན

 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )