ངའི་ཕ་ཡུལ་གྱི་གཞི་བདག་སོ་མ།
རྩོམ་པ་པོ་་་་་རི་སྐྱེས་ཁ་བ་འཚོ།་་་ཕ་རེ་སི།

གཅིག
ཐང་སྨད་སྡེ་བར་བླ་རི་མེད་པའི་སྡུག་བསྔལ།

བོད་མི་རིགས་ཀྱི་ལུགས་སྲོལ་དང་གནའ་མིའི་རྣམ་རྟོག་གི་དཔུང་རོགས་ སུ་སྡེ་བ་རེ་ལ་བླ་རི་རེ་དང་བླ་རི་རེ་ལ་གཞི་བདག་རེ་གནས་ནའང༌། སྡེ་བ་འདི་ས་བགོས་ཆུ་བགོས་ཀྱི་དབང་གིས་ལོ་འགའི་སྔོན་ལ་ཐང་སྨད་དུ་ཆགས་ནས་ཐང་ སྨད་སྡེ་བ་ཞེས་སྡེ་མིང་གསར་བ་འདི་བཏགས་པ་ཡིན་ལ།སྡེ་བ་ཁ་འཐོར་གྱི་མི་ཡིན་པས་ ཁོ་ཚོར་གཅིག་གྱུར་གྱི་བླ་རི་མེད་པའི་ཁར་ཐང་སྨད་ན་དེའུ་འབུར་མཐོན་པོ་ཞིག་ ཀྱང་མེད་པས་གཞི་བདག་མེད་པའི་བླ་རི་ཞིག་འཚོལ་རྒྱུའང་དཀའ་མོ་ཡིན་ལ་དེ་ནི་སྡེ་ བ་སོ་མ་འདིའི་སེམས་ཁུར་སོ་མ་ཞིག་ཀྱང་ཡིན།ཐང་སྨད་སྡེ་བའི་མི་རྣམས་ཕན་ཚུན་ལ་ རྒྱུས་མངའ་མེད་ནའང༌།སྡེ་བ་འདིའི་རྩྭ་ས་རྩོད་གླེང་དང་པོའི་སྐབས་སུ་བསོད་ནམས་ ཐར་གྱིས་དཔའ་
རྟགས་དང་པོ་བསྟན་ནས།ཐང་སྟོད་སྡེ་བའི་གསར་བུ་འགའ་འཆི་རྨས་སུ་བཅུག་པ་དང་རྒད་ པོ་ཀླུ་རྒྱལ་འབུམ་གྱིས་གྱོད་བཤད་བྱས་ནས་ཁ་ལྕེ་ཡིས་རྒྱལ་ཁ་བླངས་པས་ཁོ་གཉིས་ ཀ་སྡེ་དཔོན་གྱི་འོས་གཞིར་བདམས་ཏེ་རྒད་པོ་ཀླུ་རྒྱལ་འབུམ་སྡེ་དཔོན་དང་བསོད་ ནམས་ཐར་རུ་དཔོན་ལ་བདམས་ཐོན་བྱུང་ནས་དཔའ་མཛངས་གཉིས་ལྡན་གྱི་སྡེ་བ་སོ་མ་ཞིག་ གྲུབ་ནའང་བླ་རི་དང་གཞི་བདག་གི་མགོན་སྐྱབས་མེད་པས།གྱོད་གཞི་གང་ལ་ཐུག་ཀྱང་ ལྷའི་དཔུང་རོགས་མེད་པའི་བློ་ཕམ་དེ་ཚང་མར་ཡོད་ལ་ལྷག་པར་དུ་སྡེ་དཔོན་དང་རུ་ དཔོན་གཉིས་ལ།དེ་དོན་གྱི་སེམས་ཁུར་སྡེ་མི་གཞན་ལས་ཀྱང་ཆེ་བས་གང་ནས་ཐུག་ཀྱང་ བླ་རི་དང་གཞི་བདག་གི་སྐད་ཆ་ལས་གཞན་བཤད་རྒྱུ་མང་པོ་མེད།
དེ་རིང་ཞོགས་པ་སྔ་མོར་ཨ་ཁུ་མཁས་གྲུབ་རྒྱུག་མ་འདུར་གྱིས་ཨ་ཁུ་སྡེ་དཔོན་ཚང་ལ་ ཡོང་ནས་འཛུམ་དམུལ་ལེར་གསུང་སྙན་ཞིག་ཡོད་པའི་བརྡ་བསྟན་ཀྱང༌། ཨ་ཁུ་སྡེ་དཔོན་གྱིས་དེ་ལ་དོ་སྣང་དེ་ཙམ་བྱེད་ཀྱིན་མི་འདུག ཁ་མུར་མུར་འགའ་བྱས་ནས། “སྡེ་དཔོན། ངས་མདང་དགོང་རྨི་ལམ་ཞིག་རྨིས་སོང༌།སྤྱིར་རྨི་ལམ་ལ་ངེས་པ་མེད་ནའང༌།ངས་ནམ་ རྒྱུན་ཁ་འདོན་རེ་བྱེད་ཀྱིན་ཡོད་པས་དེ་ལའང་བསམ་བློ་ཞིག་གཏོང་རྒྱུ་འདུག”ཅེས་ བཤད་པས། སྡེ་དཔོན་གྱིས་སྐུད་པ་ཞིག་གི་མདུད་པ་གྲོལ་བཞིན། “ཨི་ཧུ། ཤོད་ར” ཟེར། ཨ་ཁུ་མཁས་གྲུབ་ཀྱིས་ལག་པ་གཉིས་ཀས་ཕྲེང་བ་འཕུར་བཞིན།“ངའི་རྨི་ལམ་ལ་འབུར་རྟ་ མགོའི་ཐོད་ནས་སྦག་སྦག་ཞོན་ནི་ཞིག་གིས་ཐ་མག་རྐང་གཅིག་ལ་མེ་བགོས་པས།དུ་བ་ དགུང་སྔོན་གནམ་ལ་ཁྱབ་ཅིང༌།ཆང་དཀར་ཡོལ་གང་གནམ་ལ་མཆོད་པས་ཆར་བ་དང་ཁ་བ་མཉམ་དུ་ བབས་ནས་མེ་ཏོག་གི་དྲི་ཞིམ་གང་སར་འཐུལ། ང་ཚོའི་འབུར་རྟ་མགོ་ལ་གཞི་བདག་
ཅིག་འཁོར་ཡོད་པ་མིན་ནམ།ཡིན་ནའང་ཡ་མཚར་བ་ཞིག་ལ་མི་དེས་རྒྱ་སྐད་དག་དག་བཤད་པས་ ངས་ཅི་བཤད་ཀྱི་དོན་རྟོགས་མ་སོང”ཞེས་བཤད་པས། ཨ་ཁུ་སྡེ་དཔོན་གྱིས་སྐུད་པའི་མདུད་པར་སོ་འདེབས་ཀྱིན། “ཧ་ཧ། ངོ་མ་དེ་ཡ་མཚན་རེད། ཤི་རེ་གོ  ཁྱོད་ཀྱིས་རྒྱ་སྐད་གོ་ཚེ་ང་ཚོའི་སྡེ་བ་འདིར་དང་བླངས་གཞི་བདག་ཅིག་ཡོང་ཡོད་ན་ ཐང༌། ཧ་ཧ། དེ་ཡིན་ནའང་ང་ཚོར་རྒྱ་སྐད་ཤེས་མཁན་མེད་པས་ལོ་ཙཱ་བ་ཞིག་ཀྱང་འཚོལ་དགོས”ཟེར།
གཉིས།
ཐང་སྟོད་སྨད་གཉིས་ཀས་གཞི་བདག་འཕྲོག་རྩོད་བྱས་པ།
དབྱར་ཟླ་དྲུག་པའི་ཚེས་གཅིག་དང་ཚེས་བཞི། ཚེས་བཅོ་ལྔ་སོགས་ནི་བླ་རི་ཡོད་པའི་སྡེ་བ་ཚང་མས་ལ་རྩེ་བསྟད་ནས་གཞི་བདག་ལ་མཆོད་པ་འབུལ་ བའི་ཉིན་མོ་ཡིན། ཐང་སྟོད་སྡེ་བས་ཚེས་གཅིག་ཉིན་གྱི་སྔ་དྲོ་ལ་རྩེ་བསྟད་ནས་ལྷ་རྒྱལ་འཐེན། ཕྱི་དྲོར་ཐང་སྨད་སྡེ་བའི་ས་ཐོག་ནས་རྟ་རྒྱུག་བྱས་པས། ཐང་སྨད་སྡེ་བའི་རུ་དཔོན་བསོད་ནམས་ཐར་གཙོ་བྱས་ནས། བཙན་ཚོད་མེད་རྡོ་ཐོག་ཕུར་བ་བརྡབས་སོང༌། ཞེས་དམག་ཆས་སྒྲིག་ཀྱང༌། སྡེ་དཔོན་ཀླུ་རྒྱལ་འབུམ་གྱིས། “སྡོད། སྡོད། ཨ་མའི་བུ་དལ་དགོས་ཞེས་པ་རེད། དང་པོ་ཚང་མ་ཚོགས་ནས་གྲོས་ཤིག་བྱེད། བུ་བཟང་ན་ཐང་སྨད་པ་ཚོ་ནམ་སོང་ན་ཡར་སྣེ་གན་ན་ཡོད་ པ་རེད། སྡེ་མི་ཚང་མར་བརྡ་རྒྱོབས་”ཞེས་པས། གསར་བུ་དཔའ་རྡོ་སྐྱབས་སོགས་ཀྱིས། “འགྲོ། འགྲོ། ད་རྒྱུག་སྡོད་དུ་མ་བཅུག་པ་རེད”ཅེས་ས་ལྡིང་གནམ་ལྡིང་འགའ་བྱས་ནའང་མཐར་སྡེ་ དཔོན་གྱི་ཁར་ཉན་ནས་ཚང་མ་ཚོགས་འདུར་སོང༌། ཚང་མ་དལ་འཇགས་ སེ་འདུག ཨ་ཁུ་སྡེ་དཔོན་གྱིས་བསམ་བློ་འགའ་བཏང་ནས་གྲལ་མགོ་ནས་ཡར་ལངས་ཏཻ། “ཡ། ད་ང་ཚོས་གྲོས་ཤིག་བྱེད། ང་ཚོའི་ས་ཐོག་ནས་རྟ་རྒྱུག་བྱས་ཏེ་ང་ཚོར་བླ་རི་མེད་པར་ཐུབ་ཚོད་བྱས་པ་རེད་དེ། ཡིན་ནའང་ང་ཚོའི་ས་ཐོག་ནས་རྟ་རྒྱུག་མི་ཆོག་ཅེས་གྱོད་རྒྱག་པ་ལས་ངས་བལྟས་ན་ ཚེས་བཅོ་ལྔའི་ཉིན་ང་ཚོ་ཁོ་ཚོའི་གཞི་བདག་སྟོད་དུ་འགྲོ། ང་ཚོའི་བླ་རི་མིན་ནའང་གཞི་བདག་གཞན་ལ་སྐྱབས་རེ་ན་འགྲིག་གི་རེད། དང་པོ་རིག་གནས་གསར་བརྗེ་མ་ཡོང་སྔོན་ལ། ཨ་ཕ་ཨ་ཁུ་ཡོད་དུས། སྟག་ལ་ཐིག་ལེ་འཛོམས་དུས། རྨ་ཕ་རི་ཚུར་རི། མཚོ་གཡས་རི་གཡོན་རི།གང་ལ་སོང་ནའང༌།འཁྱམས་པ་ཇག་པར་ཐུག་དུས་ས་དེ་གའི་གཞི་བདག་ ལ་མཆོད་པ་བྱས་ཏེ་སྐྱབས་རེ་ན། གཞི་བདག་ཚོས་ཀྱང་དེང་སང་གི་དཔོན་པོ་ཚོའི་ལད་མོ་བྱས་ནས་རྒྱུ་མཐོང་ན་སེམས་ འགུལ་ནོ་ཁ་ཐོག་མིག་ཐོག་རེད། དཔེ་བཞག་ན།ཁ་རྒྱའི་སྟོང་ཐུབ་དང་སྐྱ་རྒྱའི་འབྲུག་ལྡང་གཉིས་ཀར་བུའི་བཟང་ངན་ མེད་ནའང་ཁོང་གཉིས་ཀས་བུའི་བཟང་ངན་ལ་བལྟ་རྒྱུའི་དུས་ཆད་བགོས་རྗེས།ཁ་རྒྱའི་ སྟོང་ཐུབ་ཀྱིས་ཨ་མྱེས་ཁྱི་སྙིང་ལ་ལུག་གཅིག་གི་མཆོད་པ་བྱས་པ་གོ་ནས་སྐྱ་ རྒྱའི་འབྲུག་ལྡང་གིས་ཨ་མྱེས་ཁྱི་སྙིང་ལ་གཡག་གཅིག་གིས་མཆོད་པ་ཕུལ་བས།ཁོ་ གཉིས་ཀ་ཐུག་དུས་ཁ་རྒྱའི་སྟོང་ཐུབ་ལ་སྐྱ་རྒྱའི་འབྲུག་ལྡང་གིས་ཨ་མས་ཕྲུ་གུར་ གཅར་གཅར་བྱས་པ་རེད།གལ་ཏེ་ང་ཚོས་ཀྱང་ཐང་སྟོད་སྡེ་བའི་ལག་ནས་གཞི་བདག་བླངས་པ་ ཡིན་ན་དེ་ལས་ལྷག་པའི་རྒྱལ་ཁ་ཅི་དགོས།གལ་ཏེ་ང་ཚོ་སང་ཉིན་སྡེ་ཐོག་ལ་རྒྱུག་ན་ བུར་བཟང་ངན་མེད་ནའང་གཞི་བདག་ཡོད་མེད་ཀྱིས་ང་ཚོ་ཕམ་རྒྱུ་ཐག་ཆོད་རེད། དེ་བས། ང་ཚོར་མཚོན་ནའང་གཞི་བདག་ཞིག་གི་སྐྱབས་འོག་ལ་འགྲོ་དགོས། གལ་ཏེ་ཁོ་ཚོས་བླ་རི་སྟོད་དུ་མི་འཇུག་ཟེར་ན། དེ་དུས་བུ་བཟང་ན་ངན་ན། གཞི་བདག་ཡོད་ན་མེད་ན་དུས་ལ་བབས་པ་རེད། ངས་ཀྱང་བཤད་དགོས་ས་ནས་བཤད། འཐབ་དགོས་ས་ནས་
འཐབ། ཡིན་ནའང་འདི་ནི་ང་རང་གི་བསམ་ཚུལ་ཙམ་ཡིན་པས་ཚང་མས་བལྟས་ན་ཆོག རང་རང་གི་བསམ་ཚུལ་ཡང་ཤོད” ཞེས་ཅུང་ཙམ་བསྡད་ནའང་སུས་ཀྱང་ཁ་མ་གྲག་པས། “བསོད་ནམས་ཐར་ཤོད་དང”ཟེར། ཚང་མས་གཅིག་གིས་གཅིག་གི་གདོང་ལ་ལྟ་བཞིན་སྐད་དམའ་མོས། ངོ་མ་མཁས་པ་རེད། ཟེར་བ་ཙམ་ལས་བསམ་ཚུལ་མི་འདྲ་བ་ཅི་ཡང་མེད། ཨ་ཁུ་མཁས་གྲུབ་ཀྱིས་རིག་གནས་གསར་བརྗེའི་སྔོན་ལ་བསམ་གཏན་གླིང་ནས་ས་ལམ་དང་ གྲུབ་
མཐའ་སོགས་ལ་ཅུང་ཙམ་བལྟས་ཡོད་པས།ཨ་མྱེས་ཁྱི་སྙིང་དང་ཨ་མྱེས་ཇོ་རུ་གཉིས་ལ་ སའི་མཐོ་དམན་གྱི་ཁྱད་པར་ཡོད་ངེས་པས་སྡེ་དཔོན་གྱི་བསམ་ཚུལ་དེར་དོགས་པ་ཅུང་ ཙམ་ཟས་ནའང༌།ཁོའི་མོ་རྩིས་ལུང་བསྟན་གྱིས་སེམས་ཅན་ལ་ཡིད་མི་ཆེས་པ་འགའ་རེ་བྱས་ མྱོང་ཞིང་ཁོང་གི་སྐད་ཆར་ཚ་མས་དོ་སྣང་དེ་ཙམ་མི་བྱེད་པས་ཁོས་ཅི་ཡང་བཤད་མ་ཐུབ། རུ་དཔོན་བསོད་ནམས་ཐར་གྱིས། ཡར་ལྟ་མར་ལྟ་ཞིག་བྱས་ཏེ “ཚང་མར་བསམ་འཆར་གཞན་མེད་དམ། ང་འཐད་པ་ཡིན” ཞེས་སྡེ་མི་ཚང་མ་གྲོས་མཐུན་བྱུང༌། ཚོགས་འདུ་གྲོལ་རྗེས་གཞན་ཅི་ཡང་བཤད་རྒྱུ་མི་འདུག་པས། གསར་བུ་དཔའ་རྡོ་སྐྱབས་
སོགས་ཀྱིས། གལ་ཏེ་ལ་རྩེ་སྟོད་དུ་མི་འཇུག་ན། མི་རིང་མི་རྒྱུད།གནའ་འདྲ་འདྲ་ད་ཨེ་རེད་ལྟ་ཞེས་དཔའ་ཚོད་མ་ཐུབ་པར་ཁུ་ཚུར་ འཕུར་བཞིན་རང་རང་གི་ཡུལ་ ཕྱོགས་སུ་སོང༌།བླ་རི་མེད་པའི་སྡེ་བ་ཞིག་གིས་ཐང་སྟོད་སྡེ་བའི་བླ་རི་འཕྲོག་ འདོད་ཀྱི་སེམས་འཚབ་ལངས་ནས་གྲོ་ནས་སྲན་གསུམ་གྱི་བསང་རྩི་བརྔོས། བལ་དཀར་གྱི་རྨི་ཐག་འཁལ། ཇ་ཕུད་ཆང་ཕུད་ཀྱྀ་གྲ་སྒྲིག་བྱས་ནས་ཉིན་བཅོ་ལྔའི་རིང་ཟང་ཟིང་ལོང་ལོང་བྱེད།
དེ་རིང་སྔ་མོ་ནས་ཐང་སྨད་སྡེ་བའི་སྐྱེས་པ་རྒན་གཞོན་ཚང་མ་ཨ་ཁུ་སྡེ་དཔོན་ཚང་ གི་སྒོ་ཁར་འཛོམས་ནས། “ཡ། བསང་རྩི་རྒྱ་མ་ཆིག་སྟོང་དང་རྨི་ཐག་འདོམ་པ་ལྔ་སྟོང་ལྔ་བརྒྱ་འདུག”ཅེས་ཨ་ཁུ་ སྡེ་དཔོན་དང་རྒད་པོ་འགའི་གདོང་ལ་འཛུམ་མདངས་རེ་ཤར་ནས། “གོ་ཚོད་ལ་ད་ལོར་ཁོ་ཚོས་ལ་རྩེ་སྟོད་སྐབས་བསང་རྩི་རྒྱ་མ་ལྔ་བརྒྱ་ཙམ་ལས་མེད་ ཚོད་འདུག དེ་རིང་ང་ཚོར་ལྟད་མོ་ཞིག་འདུག” ཅེས་པས་གསར་བུ་ཚོས་དཔའ་ཚོད་མ་ཟིན་པར་སྡེ་དཔོན་ཚང་གི་སྒོ་ནས་རྟའི་ཁ་སྐོར་ གཅུས་ཤིང་ལྷ་རྒྱལ་འཐེན། ཨ་ཁུ་སྡེ་དཔོན་གྱིས། “གསར་བུ་ཚོ་དལ་མོ་བྱོས། ད་དུང་ལྷ་རྒྱལ་མ་འཐེན། སྔ་དྲགས་པ་རེད། བསང་ཕུལ་ན་ཉིན་གུང་གི་སྔོན་ལ་ཕུལ་དགོས། བསང་ཕུལ་རྗེས་ལྷ་རྒྱལ་འཐེན”ཞེས་སྡེ་དཔོན་གྱིས་སྣེ་ཁྲིད་ནས་ལམ་ལ་ཆས།བོད་ཀྱི་ བུད་མེད་ཚོར་སྡེ་དོན་ལ་སྐད་ཆ་བཤད་རྒྱུའི་ཐོབ་ཐང་མེད་པས་ཚང་མ་ཁུ་སིམ་མེར་ ཡོད་ནའང༌།གོ་རྒས་མ་ཚེ་རིང་སྐྱིད་ཀྱིས་ད་ཐེངས་མི་གཞན་ལ་བསང་རྩི་དང་རྨི་ཐག་ བསྐུར་མ་དགོས་པར་ལོ་ན་བཅུ་གསུམ་ལ་སོན་པའི་རང་གི་བུ་ཆུང་དོན་གྲུབ་དངོས་སུ་ལ་ རྩེ་སྟོད་དུ་སོང་བར་དགའ་ནའང༌། ལབ་སྟོད་དུ་སོང་ན་ས་རྩོད་ཆུ་རྩོད་མིན་པའི་རྩོད་པ་སོ་མ་ཞིག་གིས་སྒུག་ཡོད་པ་ ཤེས་ནས། “ཨ་མྱེས་ཇོ་
རུས་མཁྱེན། ངའི་བྱི་ལི་ལོ་བཅུ་གསུམ་ཡིན”ཟེར་བཞིན། ཉིན་གང་བོར་གཞི་བདག་གི་ཕྱོགས་སུ་བལྟས་ནས་བསྡད།ཐང་སྨད་ སྡེ་བའི་ཕོ་རྒན་གཞོན་ཚང་མས་རྟ་ཞོན་ཏེ་ཐང་སྟོད་སྡེ་བའི་རུ་འདབས་བཅད་ནས་གཞི་ བདག་རི་བོའི་མགོར་འགོས་པས།ཐང་སྟོད་སྡེ་བས་ཅི་ཡིན་འདི་ཡིན་མ་ཤེས་པར་ལུག་ལྕགས་རྭའི་ནང་དུ་རྒྱག་བཞིན་ གཅིག་གིས་གཅིག་ལ་འདྲི།སྔ་དྲོ་ དུས་ཚོད་བཅུ་བ་ཙམ་ལ་ཐང་སྨད་སྡེ་བའི་ལ་སྟོད་ཚོ་རི་རྩེར་བསླེབས་ཏེ་བསང་མཻ་ གསོ་མ་ཐུབ་པར་ཡུན་རིང་འགོར་བས་སྡེ་མི་ཚང་མ་སེམས་ཁྲལ་ལངས། གསར་བུ་དཔའ་རྡོ་སྐྱབས་ཀྱིས། “ཡ་མཚན། ཨ་མྱེས་ཇོ་རུས་ང་ཚོའི་བསང་རྩི་མི་བཞེས་སམ”ཞེས་སེམས་ཀྱི་དོགས་པ་ཁ་ནས་ཤོར་བས། སྡེ་དཔོན་གྱིས་མིག་གཉིས་ཀས་ཙག་སྒྲའི་སྒམ་ཆུང་སྟེང་ལ་ཕུར་ཚུགས་སུ་ལྟ་བཞིན། “ཁྱི་ཁ་ཚུམས”ཟེར། དུས་ཚོད་གཅིག་ཙམ་གྱི་རིང་ལ་ཙག་སྒྲ་སྒམ་ཆུང་ལྔ་ཙམ་ཚར་ནའང་ད་དུང་མེ་ཁ་གསོ་མ་ ཐུབ་པས་ལ་སྟོད་ཚོས་དེ་རིང་བསང་མེ་གསོ་མ་ཐུབ་ཚེ་ཕམ་ཁའི་ཐོག་ལ་ངོ་ཚ་དེ་གང་ལ་ འཁྱེར་བསམ་ནས་རང་རང་ས་ན་ཐབས་ཤེས་རེ་ཨེ་རྙེད་ཀྱི་བསམ་བློ་གཏོང་བཞིན་ཡོད། མཐའ་མཇུག་ཨ་ཁུ་ཐབས་མཁས་ཀྱིས་ར་ཙེའི་སྟེང་ལ་འོང་བ་སྐམ་པོ་ཞིག་གླན་ནས་མེ་ཁ་ གསོས་པས་སྡེ་མི་ཚང་མའི་གདོང་ལ་འཛུམ་ཆུང་རེ་ཤར་ནའང༌། དེ་མ་ཐག་རླུང་གཡུག་མཚམས་ཆད་ནས་བསང་དོ་དགུང་ལ་མི་འགྲོ་བ་མ་ཟད། རླུང་རྟ་ཚང་མ་ཡར་ལ་མཆོད་ན་དེ་མ་ཐག་ས་ལ་ལྷུང༌། ཚང་མས་ཨ་མྱེས་ཇོ་རུ་ཞེས་ཀི་འབོད་བྱེད་བཞིན་བསང་ཁྲིར་སྐོར་བ་བྱས། སྡེ་དཔོན་གྱིས་རུམ་ནས་དུང་དཀར་ཞིག་བླངས་ནས་བསང་ཁྲིར་སྐོར་བ་བྱེད་བཞིན་འབུད་ ཅི་ཐུབ་བྱས།རྒད་པོར་སེམས་འཚབ་ལངས་ནས་མིག་གིས་རྡོག་ལམ་མ་ནོན་པར་རྐང་སྣེ་ས་ འབུར་ཞིག་ལ་འཐོག་སྟེ་ས་ལ་འགྱེལ་ནས་ལག་གི་དུང་དཀར་ཏག་ཏག་རྡོ་རྒན་ཞིག་ལ་ བརྒྱབས་ནས་དུམ་བུ་དགུ་རུ་གྱུར་པས་ཚང་མས།ཨ་མྱེས་ཞེས་ཀི་མཚམས་ཀྱང་ཆད།ཚང་མའི་ སེམས་ལ་རྣམ་རྟོག་ལངས་ནའང་ཁ་ནས་ཅི་ཡང་བཤད་མ་ཕོད་པར་སྡེ་དཔོན་ལ་བལྟས་ཏེ་བསྡད། ཨ་ཁུ་སྡེ་དཔོན་གྱིས་ཚིག་གཅིག་ཀྱང་མི་བཤད་པར་འཐད་མ་འཐད་ཀྱིས་བསང་ཁྲིར་སྐོར་ བ་འགའ་བྱས་རྗེས།“ཡ།གསར་བུ་ཚོ།ད་འགྲོ།ཚང་མས་རུམ་ལ་རྡོ་འགའ་རེ་ཆུག”ཞེས་ཚང་མས་ རྟ་ཁྲིད་ནས་མར་འབབ་སྐབས་གློ་བུར་དུ་གསར་བུ་དཔའ་རྡོ་སྐྱབས་ཀྱིས་ཕྱིར་མིག་ ཅིག་ཀྱང་མ་བལྟས་པར་རྟ་ཁྲིད་ནས་རིའི་ཕར་རྒྱབ་ནས་ཐུར་དུ་བྲོས་པས། ཚང་མས། “ཡ་ཡ། སྐྲག་ཤོར། ཁྱི་རྒན། ཞེས་གཤེ་གཤེ་བཏང”དོན་ངོ་མར་བཤད་ན་དཔའ་རྡོ་སྐྱབས་ཀྱི་རྗེས་སུ་འགྲོ་འདོད་མཁན་ མང་ནའང༌།ཚང་མས་ངོ་ཚར་འཛེམ་ནས་རུམ་ལ་རྡོ་འགའ་རེ་བཅུག་སྟེ་ཕྱིར་ལམ་བརྒྱུད་ནས་ ཐང་སྟོད་སྡེ་བའི་ཉེ་སར་བསླེབས་སྐབས་ད་ནིང་སྡེ་དཔོན་ཚང་གི་
སྒོ་ཁར་ལྷ་རྒྱལ་འཐེན་མཁན་གྱི་གསར་བུ་དེ་ཚོ་རེད་ཅེས་བཤད་ན་སུས་ཀྱང་ཡིད་ཆེས་ དཀའ།གཞི་བདག་རིའི་སྟེང་གི་དུ་བ་དང་ཐང་སྨད་སྡེ་བའི་གསར་བུ་ཚོའི་སྐད་གོ་ནས་ ཐང་སྟོད་སྡེ་བས་ཚང་མར་བརྡ་བརྒྱབས་ནས་སྡེ་དཔོན་ཚང་གི་བསང་ཁྲིའི་སྟེང་ནས་བསང་ ཞིག་ཕུལ་ཏེ། བླ་རི་དཀར་བོའི་རྩེ་ལ་གནས་པའི་གཞི་བདག་ཕ་མ་འདྲ་བོ།མི་ཆེན་དང་རྒྱུ་ཆེན་གྱི་ ཁ་ལ་མི་ཉན་པར་ཁྱེད་ཚང་གི་སྐྱབས་འོག་ནས་ནམ་ཡང་དོར་མི་ཉན། ཞེས་ཀི་འབོད་ཐེངས་གཅིག་བྱས་ཏེ་ཚང་མ་ཁྱིམ་ལ་ཚོགས་ནས། སྡེ་དཔོན་བདུད་འདུལ་གྱིས་གོ་སྒྲིག་བྱས། “ཁོ་ཚོ་ཕྱིར་ཡོང་གི་རེད། ལམ་ཁ་ནས་སྒུག་ས་ཤོར་ན་ཤོར། རྩ་ཤོར་ན་ཤོར། གཞི་བདག་ཤོར་དུ་མི་འཇུག་ཁག་ཐེག་ཡིན། མདའ་གྲི་མདུང་གསུམ་གྱི་གྲ་སྒྲིག་བྱོས” ཞེས་ཚང་མས་དམག་ཆས་སྒྲིག  ཐང་སྨད་སྡེ་བའི་ལ་སྟོད་ཚོ་ཇེ་ཉེ་ནས་ཇེ་ཉེར་གྱུར་ཏེ་རྒད་པོ་ཚོ་སྔོན་དུ་འགྲོ་ ལ་གསར་བུ་ཚོ་རང་ཤུགས་ཀྱིས་རྗེས་སུ་
ལུས།ཐང་སྟོད་སྡེ་བའི་ཕོ་རྒན་གཞོན་ཚང་མས་མདའ་གྲི་མདུང་གསུམ་བཟུང་ནས་སྡེ་ དཔོན་ཚང་གི་སྒོར་བུད་དེ་བསང་ཁྲིར་སྐོར་བ་ཞིག་བྱས་ནས་ལམ་ཁར་ཡོང་ནས་བསྡད། ལ་སྟོད་ཚོ་ཐག་ཉེར་བསླེབས་པ་དང་ཇི་བསམ་ལོང་དྲན་ལོང་མ་སྤྲད་པར་རྡོས་རྒྱག་ཅི་ ཐུབ་བྱས་པས། ཨ་ཁུ་ཀླུ་རྒྱལ་འབུམ་གྱིས། “བདུད་འདུལ། བདུད་འདུལ”ཞེས་ཚིག་འགའ་བཤད་རྩིས་བྱས་ནའང་རྡོ་ལོག་ཅིག་ཁོའི་ཐོད་པའི་ཐོག་ལ་ ཁེལ་ནས་ཁོ་རང་ས་ལ་འགྱེལ་སོང༌། རུ་དཔོན་བསོད་ནམས་ཐར་གྱིས་དཔའ་འཛིང་ཅུང་ཙམ་བྱས་ནའང༌།དཔུང་རོགས་ཚོས་རང་རང་ གི་རྟའང་བཏང་སྟེ་ལྕགས་རྭའི་ཁ་ནས་མཆོངས་ཏེ་བྲོས་སོང་པས། མང་སྣ་ཉུང་གིས་མ་བརྟེན་པར་སྡེ་དཔོན་དང་རུ་དཔོན་གཉིས་ལ་རྨས་སྐྱོན་ཚབས་ཆེན་ ཕོགཕྱི་དྲོ་སྡེ་དཔོན་དང་རུ་དཔོན་གཉིས་དོན་གྲུབ་ཀྱིས་སྐྱོར་ནས་སྡེ་འདབས་སུ་ བསླེབས་པ་དང་གསར་བུ་འགའ་རྒྱུག་ཡོང་ནས། ཤི་རེ་གོ  དེ་རིང་ང་ཚོར་མདའ་དང་མདུང་མེད་པས་རེད”ཟེར་ལ་ཁ་ཤས་ཀྱིས་སང་ཉིན་རྒྱུག་རྒྱུ་ ཡིན་ཟེར། སྡེ་དཔོན་གྱིས་བཤད་ཐུབ་མི་ཐུབ་ཀྱིས། “སང་ཉིན་སྟེར་ཞེས་ན་མ་དགའ། སང་ཉིན་གཅར་ཞེས་ན་མ་སྐྲག་ཅེས་པ་རེད།བུ་བཟང་ན་རང་གི་རྟ་ལའང་བདག་མི་ཐུབ་བམ།ལོ་བཅུ་གསུམ་ཅན་གྱི་བྱིས་པ་ཞིག་ལའང་མི་དོ་བས་ཅི་ཞིག་བཤད”ཅེས་པས།གསར་བུ་ཚོས་ དོན་གྲུབ་ཀྱི་གདོང་པར་ལྟ་ཙམ་བྱས་ནས་ཁུ་སིམ་མེར་འདུག དོན་གྲུབ་ནི་ལོ་ན་ཆུང་བའི་ཁར་རྒྱ་ཕྲུག་ཐང་རྙེད་ཅིག་དང་འདྲ་བར་ལྟོས་མདོག་ ཀྱང་མེད་མོད། ཁ་ཡ་ན་ཟླས་རྡུང་རེ་བྱས་ན་སུས་ཀྱང་མི་ཐུབ།དེ་རིང་ཡང་ཁོ་ལ་གསར་བུ་མ་རབས་འགས་ ཐལ་ལྕག་འགའ་གཞུས་ནའང་མ་བྲོས་པར་སྡེ་དཔོན་དང་རུ་དཔོན་གཉིས་ཀའི་མཉམ་དུ་བསྡད་ པས་གསར་བུ་དཔའ་རྡོ་སྐྱབས་སོགས་ལ་ངོ་ཚ་གཏད་ཡོད། གང་ལྟར་ཨ་མྱེས་ཇོ་རུས་ཁ་ཡ་མ་བྱས་ཤིང་སྡེ་བའི་གསར་བུ་ཚོའི་དཔའ་ཚོད་ཤེས་ནས་ སྡེ་དཔོན་དང་རུ་དཔོན་གཉིས་བློ་ཕམ་དང་ན་ཟུག་གིས་མནར་ཏེ་ཟླ་འགར་སྨན་གསོ་བྱས། ཐང་སྨད་སྡེ་བའི་གསར་བུ་ཚོའི་སང་ཉིན་དང་གནངས་ཉིན་མང་པོ་ཞིག་རིམ་གྱིས་འདས་ ནའང༌།
ད་དུང་གྲག་འགུལ་ཅི་ཡང་མི་འདུག
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )