བཅར་འདྲི་གླེང་སྟེགས།

གཞིས་སྡོད་བོད་རིག་པའི་ཞིབ་འཇུག་སློབ་མ། ཁ་བ་འཚོ་ལ་བཅར་འདྲི།

གླེང་བརྗོད་པ། ཁ་བ་འཚོ།
གླེང་སློང་བ། ཚེ་རིང་རྒྱལ།
ས་གནས། དྷ་རམ་ས་ལ།
དུས་ཚོད། ཕྱི་ལོ2008ལོའི་ཟླ5ཚེས10ལ།

གླེང་སློང་བ། ཁྱེད་རང་སློབ་ཆེན་དུ་ཞུགས་ནས་ལོ་ག་ཚོད་ཕྱིན་ཡོད་པ་དང༌། སློབ་གྲྭའི་འཁོར་ཡུག་ཏུ་ཁྱེད་ལ་སྔར་མེད་ཀྱི་ཚོར་སྣང་དང༌། ཡང་ན་རང་ཉིད་ལ་འགྱུར་ལྡོག་གསར་བ་ག་རེ་ཕྱིན་སོང་ངམ། གླེང་བརྗོད་པ། ང་ནི་སྤྱི་ལོ་༢༠༠༧ལོའི་ཟླ་དྲུག་པར་མཐོ་སློབ་ཀྱི་དངོས་གཞི་མཐར་ཕྱིན་ནས་ད་ལྟ་ བོད་རིག་པའི་ཞིབ་འཇུག་སློབ་མ་འདོན་བཞིན་ཡོད་ལ།ལོ་བཞིའི་རིང་གི་མཐོ་སློབ་ ཀྱི་འཚོ་བས་ང་ལ་ཕྱིན་པའི་ཆེས་ཟབ་པའི་བག་ཆགས་ནི།རང་གི་སྐད་དང་ཡི་གེ་སྦྱངས་ འདོད་ཀྱི་འདུན་པ་སྔར་ལས་ཇེ་ཟབ་ཏུ་སོང་བ་དེ་རེད།ཁོར་ཡུག་དེའི་ཁྲོད་ང་ལ་བྱུང་ བའི་ཆེས་ཆེ་བའི་འགྱུར་ལྡོག་ནི་སྔོན་མའི་བག་འཁུམ་གྱི་གཤིས་ཀའི་རྣམ་པ་དོར་ཏེ་ མི་ཚེ་དང་མདུན་ལམ་སྐོར་ལ་བསམ་གཞིགས་གུ་ཡངས་པའི་སྒོ་ནས་བྱེད་ཐུབ་པར་འདུག

གླེང་སློང་བ། ཁྱེད་རང་གིས་ཆེད་ལས་གང་ཞིག་སྦྱོང་བཞིན་ཡོད་པ་དང༌། མ་འོངས་པར་སྤྱི་ཚོགས་ལས་རིགས་གང་ཞིག་བསྒྲུབ་འདུན་ཡོད་དམ།
གླེང་བརྗོད་པ།
ངས་ད་ལྟ་སྦྱངས་བཞིན་པའི་ཆེད་ལས་ནི་བོད་རྒྱ་ལོ་ཙཱའི་སྐོར་ཡིན་ཞིང༌། ཆེད་ལས་འདི་འདེམས་པས་རྒྱུ་མཚན་ནི་བོད་ཀྱི་རིག་གནས་ལོ་རྒྱུས་ལ་གཞིགས་ན་བཅུ་ ཕྲག་རིག་པ་གཙོ་བྱས་པའི་བོད་ཀྱི་ཤེས་རིག་ནི་དམ་པ་སྔོན་མ་དག་ གིས་ལོ་ཙཱ་བརྒྱུད་ནས་གཞན་མི་རིགས་ཀྱི་རིག་གནས་ནང་འདྲེན་གྱི་རྨང་གཞི་སྟེང་ བྱུང་བ་ཡིན་ཏེ།དེང་སྐབས་བོད་མི་མང་ཆེ་ཤོས་ཀྱིས་རིག་གནས་ཕྱིར་བསྐྱེལ་ལས་ནང་ འདྲེན་ལ་དོ་སྣང་བྱེད་བཞིན་མེད།གལ་ཏེ་འདི་ལྟར་ཡུན་རིང་སོང་ཚེ་ང་ཚོའི་མེས་ པོའི་ཤུལ་བཞག་དེ་ཕྱི་ཤུན་ཁོ་ན་ཙམ་ལུས་པའི་གནས་སུ་ལྷུང་ཉེན་ཡོད་པས་ངས་ཆེད་ ལས་འདི་བདམས་པ་ཡིན་ལ། མ་འོངས་པར་ཡང་འདིའི་སྐོར་གྱི་ལས་ཀ་བྱེད་འདོད་ཡོད།

གླེང་སློང་བ། སློབ་མའི་འཚོ་བའི་ཁྲོད་ཁྱེད་ལ་དཀའ་ངལ་གང་དག་མྱོང་བ་དང༌། དཀའ་ངལ་དེ་དག་ལ་གདོང་ལེན་ཇི་ལྟར་བྱས་པ་ཡིན་ནམ།
གླེང་བརྗོད་པ། སློབ་མའི་དུས་སུ་ང་ལ་མཚོན་ན་རྨང་གཞིའི་སློབ་གསོ་ཡག་པོ་ཞིག་མྱངས་ཡོད་པས་ སློབ་སྦྱོང་གི་ཕྱོགས་ནས་དཀའ་ངལ་ཆེན་པོ་འཕྲད་མེད་པ་དང༌། དཔལ་འབྱོར་གྱི་ཆ་ནས་ཡང་ཕྱོགས་གང་མང་གི་རོགས་སྐྱོར་ཡོད་པས་དཀའ་ངལ་གང་ཡང་རེག་ མ་སོང༌། ད་དུང་ལོ་བཞིའི་མཐོ་སློབ་ཀྱི་འཚོ་བའི་ཁྲོད་བོད་པའི་རང་གཤིས་མ་དོར་བའི་སློབ་ གྲོགས་གང་མང་ཞིག་གིས་ཟོལ་མེད་ཀྱི་རོགས་རམ་དང་མཛའ་བརྩེ་ཐོབ་སོང་བ་ནི། ངས་རང་གི་མི་ཚེ་འདིའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཡོད།

གླེང་སློང་བ། བསླབ་གཞི་དང་དགེ་རྒན། སློབ་གྲྭའི་ཁོར་ཡུག་བཅས་ཀྱི་ཐད་རང་གི་བློ་ཁ་དང་མ་འཚམ་པའི་རིགས་གང་དག་འདུག་ གམ།
གླེང་བརྗོད་པ། མཐོ་སློབ་སྐབས་ཀྱི་བསླབ་གཞི་དང་དགེ་རྒན་གྱི་ཕྱོགས་ནས་རང་ལ་བློ་ཁ་དང་མི་འཚམ་ པའི་གནས་ཚུལ་འདྲ་བྱུང་མེད། ང་ཚོ་མཐོ་སློབ་འགྲིམས་པའི་སྐབས་ནི་སློབ་གསོ་བཅོས་བསྒྱུར་གྱི་དུས་ལ་འཁེལ་ ཡོད་པས་བསླབ་གཞི་དང་དགེ་རྒན་སོགས་ཕྱོགས་གང་ནས་ཡང༌། རང་ཉིད་ཀྱི་མོས་པ་ལྟར་འདེམས་གསེས་བྱས་ཆོག་པ་དང༌། རང་གི་རིག་གནས་དང་སློབ་གསོ་ལ་ལྷག་བསམ་གྱི་ཕྱུག་པའི་དགེ་རྒན་གང་མང་ཞིག་ལ་ འཕྲད་པ་དང༌། བོད་ཀྱི་རིག་གནས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཞིག་བྱེད་ཐུབ་པ་ནི་ང་མཐོ་སློབ་ སྐབས་རེག་པའི་གཅེས་ནོར་གལ་ཆེན་ཞིག་ཏུ་བརྩིས་ཆོག སློབ་རའི་འཁོར་ཡུག་དང་སྤྱི་ཚོགས་འཁོར་ཡུག་བར་གྱི་ཧེ་བག་ཅུང་ཆེ་བས་གལ་ཏེ་ སློབ་གྲྭ་ནས་མཐར་ཕྱིན་ཚེ། སེམས་ཁམས་གང་འདྲ་ཞིག་གིས་སྤྱི་ཚོགས་འཚོ་བར་གདོང་གཏད་རྒྱུ་དེ་ནི་ང་ལ་འཕྲད་ བཞིན་པའི་གནད་དོན་གལ་ཆེ་ཤོས་ཤིག་ཡིན་ལ། ངའི་ཉེ་འཁོར་གྱི་སློབ་གྲོགས་མང་པོ་ཞིག་ལའང་གནད་དོན་དེའི་རིགས་ཡོད་ངེས།

གླེང་སློང་བ། ཁྱེད་རང་ཞིང་འབྲོག་གྲོང་གསུམ་གང་ཞིག་ནས་ནར་སོན་པ་ཡིན་ནམ། མ་འོངས་པར་ཕ་ཡུལ་མི་དམངས་ལ་ཞབས་འདེགས་ཅི་ཞིག་བསྒྲུབ་འདུན་ཡོད་དམ།
གླེང་བརྗོད་པ། ང་ནི་ཞིང་གྲོང་ནས་འཚར་ལོངས་བྱུང་ཤིང༌། མ་འོངས་པར་ཕ་ཡུལ་མི་དམངས་ལ་སློབ་གསོའི་ལས་རིགས་ཀྱི་ཕྱོགས་ནས་ཞབས་འདེགས་ སྒྲུབ་ན་འདོད།

གླེང་སློང་བ། སློབ་ཆེན་སློབ་མ་རྣམས་གཞི་རིམ་སྤྱི་ཚོགས་ཁྲོད་ལས་ཞུགས་སྐབས་དཀའ་ངལ་གང་དག་ འཕྲད་ཀྱིན་འདུག་གམ། དཀའ་ངལ་དེ་དག་ཇི་ལྟར་སེལ་དགོས་མིན་ཐད་བསམ་ཚུལ་ཅིག་གསུང་རོགས་ཞུ།
གླེང་བརྗོད་པ། བོད་ཡིག་ཆེད་སྦྱོང་བྱས་པའི་སློབ་ཆེན་སློབ་མ་ཞིག་ལ་མཚོན་ན། བོད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཧ་ཅང་ཆུང་བས་ཆེད་ལས་དང་འབྲེལ་བའི་ལས་ཀ་རེག་ པར་དཀའ་ངལ་ཧ་ཅང་ཆེ། དེའི་སྐོར་ནས་བསམ་བློ་ཞིག་སྐྱེས་པ་ནི་བོད་རང་གི་རིག་གནས་དང་འབྲེལ་བའི་ལས་ ཁུངས། ཁེ་ལས་སོགས་མང་དུ་བསྐྲུན་ན་བོད་ཡིག་སྦྱངས་པའི་སློབ་མ་ཚོའི་མདུན་ལམ་ཡངས་ཤིང་ བོད་མི་དམངས་ལ་དཔལ་འབྱོར་གྱི་ཕྱོགས་ནས་ཡང་ཁེ་བཟང་ཡོད་པར་འདོད།

གླེང་སློང་བ། སློབ་གྲྭ་དེ་གའི་རྒྱ་རིགས་སློབ་མ་རྣམས་ཀྱིས་བོད་མིའི་རིག་གཞུང་དང་ལྟ་སྤྱོད་ ཐད་ལ་ལྟ་སྟངས་ཅི་འདྲ་ཞིག་འཛིན་གྱིན་ཡོད་པ་དང༌། ཁོ་ཚོའི་ཁྲོད་བོད་ཀྱི་རིག་གནས་ལ་དོ་སྣང་དང་སྤྱི་ཚོགས་ལ་ཉམས་ཞིབ་གནང་མཁན་ འདུག་གམ།
གླེང་བརྗོད་པ། འདི་གའི་རྒྱ་རིགས་གཙོས་མི་རིགས་གཞན་དག་གི་སློབ་མ་ཚོས་བོད་ཀྱི་རིག་གཞུང་ སྐོར་གྱི་ལྟ་ཚུལ་ནི། གཙོ་བོ་བོད་ཀྱི་ཡུལ་སྐོར་ལས་རིགས་དར་རྒྱས་དང་རྒྱལ་ནང་གི་གསར་ལམ་ཁག་ནས་བཏོན་ པའི་ཁྱབ་བསྒྲགས་ལས་བྱུང་བ་ཡིན་ཞིང༌། རང་ངོས་ནས་བོད་ཀྱི་རིག་གནས་ལ་སྦྱངས་པ་བྱེད་འདོད་པའམ། ཡང་ན་དེའི་རང་བཞིན་ལ་ཤེས་རྟོགས་ཡོད་པའི་མི་ཧ་ཅང་ཉུང་ཞིང༌། མང་ཆེ་ཤོས་ཤིག་གི་སྣང་ངོར་བོད་ཀྱི་རིག་གཞུང་ནི་གསང་བ་ལྐོག་གྱུར་གྱི་ཆོས་ ལུགས་ཙམ་ལས་ཅི་ཡང་མེད་པར་འདོད་བཞིན་འདུག

གླེང་སློང་བ། དུས་རབས་གསར་བའི་སློབ་ཆེན་སློབ་མ་རྣམས་ཀྱིས་འགྲོ་བ་མིའི་རིགས་ཀྱི་བསམ་ བློའི་འཕེལ་ཕྱོགས་དང༌། རང་བྱུང་ཁམས་ཆེན་པོ་ཡུན་གནས་བྱ་ཐབས་ཀྱི་སྐོར་ལ་འགན་ལེན་སེམས་ཁུར་གྱི་འདུ་ ཤེས་ཅི་འདྲ་ཞིག་གནང་གི་འདུག་གམ།
གླེང་བརྗོད་པ། མདོ་དབུས་མཐོ་སྒང་གི་དམིགས་བསལ་གྱི་རང་བྱུང་འཁོར་ཡུག་འདི། ཡ་གླིང་ཤར་མ་དང་འཛམ་གླིང་སྤྱིའི་རང་བྱུང་ཁམས་ལས་གོ་གནས་གལ་ཆེན་ཞིག་ཟིན་ཡོད་ པ་དང༌། ད་ལྟ་རྨ་འབྲིའི་མགོ་ཁུངས། ཧི་མ་ལ་ཡའི་རི་རྒྱུད། བྱང་གི་འབྲོག་ཐང་ཆེན་མོ་དང་མདོ་ཁམས་ཀྱི་ས་ཆ་གང་མང་ཞིག་གི་རང་བྱུང་གི་འཚོ་ གཞེས་ཐོན་ཁུངས་ཧམ་འཕྲོག་མི་བྱེད་པར། སྲིད་གཞུང་གི་འཁོར་ཡུག་སྲུང་སྐྱོབ་རྩ་ཁྲིམས་དང་དམངས་ཁྲོད་རྩ་འཛུགས། བོད་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་འཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སོགས་ ཐབས་དང་གཞུང་ལུགས་ལྷན་དུ་སྦྲེལ་བའི་སྒོ་ནས་ང་ཚོར་བདག་པའི་ཕ་གཞིས་འདི་སྲུང་ སྐྱོང་བྱས་ན་ལེགས་བསམས།

གླེང་སློང་བ། ངེད < < ཁ་བ > > དུས་དེབ་ཀྱི་བཅར་འདྲི་གླེང་སྟེགས་འདི་བརྒྱུད་ནས་གཞིས་བྱེས་གཉིས་ཀྱི་རང་ རིགས་སློབ་ཆེན་པ་རྣམས་ལ་རེ་སྐུལ་ཅི་ཞིག་ཞུ་རྒྱུ་ཡོད་དམ།
གླེང་བརྗོད་པ། སློབ་ཆེན་སློབ་མ་ནི་གཞིས་བྱེས་གང་དུ་མཚོན་ནའང༌། བོད་མི་རིགས་ཀྱི་ཤེས་ཡོན་ཆུ་ཚད་ཅུང་མཐོ་བའི་སྡེ་ཡིན་པས། བོད་ཀྱི་རིག་གནས་གོད་ཆག་དང་གཞན་འགྱུར་རང་བཞིན་དུ་འགྲོ་བཞིན་པའི་སྒང་འདིར་ ཐབས་ལམ་གང་ཞིག་ལ་བསྟེན་ནས་བོད་པའི་རིག་གནས་འདི་དེང་གི་སྤྱི་ཚོགས་ཀྱི་འགྲོས་ དང་མཐུན་པའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ནི། དེང་གི་བོད་པའི་སློབ་ཆེན་པ་དག་གི་དོར་དུ་མེད་པའི་འོས་འགན་ཞིག་ཡིན།གཞིས་ བྱེས་སློབ་ཆེན་པ་དག་ཕན་ཚུན་འབྲེལ་འདྲིས་དང་རྒྱུས་ལོན་བྱས་ཏེ་ཤ་ཁྲག་གི་བརྩེ་ བ་བརྗོད་ཞོར་རིག་གནས་འདིའི་འཕེལ་རྒྱས་སྐོར་གྱི་བསམ་ཚུལ་ལབ་གླེང་བྱས་ན་རང་ རེའི་རྗེས་ཕྱོགས་ཀྱི་མདུན་ལམ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཡང་ཐེབས་ཐུབ་པར་འདོད།

 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )