༧གོང་ས་མཆོག་ཉི་ཧོང་དུ་ཆིབས་སྒྱུར།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཛིན་ཁོ་ཇི་དགོན་པའི་གདན་ཞུ་བཞིན་ཕྱི་ལོ༢༠༡༠ལོའི་ཕྱི་ཟླ༦ཚེས་༢༠ཉིན་རྒྱལ་ཁབ་དེར་ཆིབས་སྒྱུར་བསྐྱང་རྒྱུ་རེད། ཉི་ཧོང་ནཱ་གྷ་ནོ་ Nagano གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཛིན་ཁོ་ཇི་ Zenkoji དགོན་པའི་མཁན་པོ་སོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཟླ་འདིའི་ཚེས་ ༢༠ ཉིན་༧གོང་ས་མཆོག་ཡུལ་དེར་ཆིབས་སྒྱུར་གྱིས་མི་མང་ལ་བཀའ་སློབ་གནང་རྒྱུ་རེད། ཐེངས་འདིའི་ཆིབས་སྒྱུར་སྐབས་༧གོང་ས་མཆོག་གིས་དགོན་པ་དེའི་མཁན་པོ་གཉིས་ལ་མཇལ་འཕྲད་གནང་རྒྱུ་དང་། དམིགས་བསལ་རྗེས་དྲན་གྱི་བཀའ་སློབ། ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་ཁུལ་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་ཐབས་སྐོར་ལ་བཀའ་སློབ་གནང་རྒྱུ། དེ་བཞིན་ཚོགས་བཅར་བ་མི་མང་ ༧༠༠༠ ཙམ་ལ་དེང་དུས་ཀྱི་ལམ་སྟོན་བཟང་པོའི་འོད་སྣང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ཀྱང་གནང་རྒྱུ་ཡིན་འདུག ཛིན་ཁོ་ཇི་ཞེས་པའི་དགོན་པ་དེས་ ༢༠༠༨ ལོར་ཨོ་ལིམ་ཕིག་དཔལ་འབར་ས་ཁུལ་དེར་སྐོར་བསྐྱོད་བྱེད་དུ་མ་བཅུག་པས་རྒྱལ་སྤྱིའི་ཐོག་གདེང་འཇོག་ཆེན་པོ་ཞིག་ཐོབ་ཡོད་ལ། སྐབས་དེར་དགོན་པ་དེའི་མཁན་པོས། ང་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་གཅིག་པ་ཡིན་པའི་ཆ་ནས་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་གཞུང་གི་སྲིད་བྱུས་དེར་ངོས་ལེན་བྱ་ཐབས་མི་འདུག་ཅེས་འགྲེལ་བརྗོད་ཀྱང་བྱས་ཡོད། གཞན་ཡང་ཐེངས་འདིར་༧གོང་ས་མཆོག་སི་ཧོ་རྗེ་ Saihoji དགོན་པར་ཕེབས་ཏེ་དགེ་འདུན་པ་ཚོར་བཀའ་སློབ་གནང་རྒྱུ་དང་། གསར་དུ་བཞེངས་པའི་མཐོ་ཚད་ཕི་ཊི་ ༨ ཅན་གྱི་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་བརྙན་དེར་རབ་གནས་བཅས་གནང་རྒྱུ་ཡིན་འདུག ཚེས་ ༢༦ ཉིན་ཉི་ཧོང་གི་རྒྱལ་ས་ཊོག་ཀྱོའི་ Pacifico Yokohama འགྲེམ་སྟོན་ཁང་དུ་རྟེན་འབྲེལ་བསྟོད་པ་དང་སེམས་བསྐྱེད་ཀྱི་བཀའ་ཆོས་གནང་རྒྱུ་དང་། ཕྱི་དྲོ་མང་ཚོགས་ལ་བདེ་སྐྱིད་སྙིང་པོ་དང་། འཆམ་མཐུན་ངང་འཚོ་ཐབས་ཞེས་པའི་བརྗོད་གཞིའི་སྟེང་བཀའ་སློབ་སྩོལ་རྒྱུ་ཡིན་འདུག ཐེངས་འདིའི་གསུང་ཆོས་སྐབས་ཀོ་རི་ཡ་དང་། སོག་པོ། ཨུ་རུ་སུ་བཅས་ནས་ནང་ཆོས་དོན་གཉེར་བ་གང་མང་ཞིག་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

 
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )