ཕམ་ཉེས་ཤིག་གི་མཇུག་བྱང་། རྩོམ་པ་པོ། ཁྱུང་སྲས།

སྐར་མ་དམར་པོའི་ནམ་ཟླའི་ཁྲོད་ན་མཐིང་སྨུག་སྦྲ་ཡིས་ལྷགས་རླུང་འགམས།།
ཅེ་སྤྱང་ཁྲོས་པའི་གད་རྒྱང་རིང་མོ་མུན་པས་རུམ་སྟེ་གཟན་ལ་འདུར།།
མ་བུ་བྲལ་བའི་ལུག་ཁྱུའི་འབའ་སྒྲ་རླུང་གིས་བཟླས་ཏེ་ཕྱོགས་སུ་འཁྱམས།།
བདག་མེད་སྦྲ་ཡི་ཁྱིམ་གཞིས་དྲོན་མོ་ལྟོ་ཡིས་མནར་བའི་སྒོ་ཁྱིས་འཚོ།།

གཡུལ་དུ་ཆས་པའི་རྟ་མཆོག་རྒོད་པོའི་རྨུག་སྒྲའི་ང་རོ་རི་ན་འཕུར།།
དཔའ་བོའི་ཚེ་སྲོག་མཚོན་གྱིས་ཕྲོགས་པས་རི་ལུང་ཐང་གསུམ་གཉིད་དུ་ཡུར།།
བས་མཐའི་མཚམས་ན་རྣམ་ཤེས་འབུམ་གྱིས་བེམ་རོ་འཚོལ་བའི་ཀི་སྭོ་སྒྲོག།
ཐང་དཀར་རྒོད་ཀྱང་སྐྱོ་བའི་སྦྲུམ་སྟེ་སྤྲིན་གྱི་ཀློང་ན་འདབ་གཤོག་གློད།།

བདུད་དཔུང་རྒྱལ་བའི་བ་དན་དམར་པོས་སྐྱ་སེར་ཕོ་མོའི་རོ་ལ་འཆའ།།
ཞེ་སྡང་ཁྲག་གི་རྦ་རླབས་ངོགས་ན་རལ་གྲིའི་སོ་ཁ་དགྲ་ལ་སྡང་།།
ཉམ་ཆུང་བྱིས་པའི་ངུ་སྐད་ཕྲ་མོ་དབེན་པའི་ནགས་ན་བྲག་ཅས་འཁྱེར།།
ཕྱི་མའི་ཡུལ་ན་ངུ་ངག་མཆོད་པའི་ཨ་མས་བུ་ཆུང་སྐད་ཀྱིས་འབོད།།

འཛུམ་གྱི་འགྱུར་བག་དབྱངས་སུ་འཕྱོ་བའི་གངས་དཀར་འདབ་མས་ཞི་བདེ་འཚོལ།།
འཚེ་མེད་གཞན་ཕན་ལྷག་བསམ་དཀར་པོས་མ་ནིའི་དབྱངས་རྟ་སྙིང་ནས་མཆོད།།
མཐོན་མཐིང་རྒྱལ་མོས་མི་སྲིན་སྒྱོགས་ཀྱི་རྡུལ་སྤྲིན་དམར་པོ་ཧུབ་ཀྱིས་འཐུང་།།
དབུ་ནག་བོད་ཀྱི་སྐྱིད་པའི་ཕ་གཞིས་མཐའ་དམག་དཔུང་གིས་ནོམ་དུ་བླངས།།

སྡུག་གིས་བཅུམས་པའི་ལ་རྒྱའི་སྤོབས་པ་རི་ཆུ་སྟོང་གི་ཕ་མཐར་མྱུལ།།
སྐྱབས་ཀྱི་མདུན་མ་རི་ལ་བཅོལ་བས་ཚ་བའི་གྲོང་ལ་ཁ་བ་ལྷུང་།།
ཡུལ་འཁྱར་བ་ཡི་དར་མའི་ལང་ཚོ་རྒྱུས་མེད་ཡུལ་ནས་ལོ་ཟླས་ཟས།།
མི་རིགས་འདི་ཡི་སེམས་ཀྱི་འབོད་པ་རེ་བའི་མལ་ན་གཉིད་དུ་ཡུར།།

 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )