༧ གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ སྲུང་བརྩི།

ཟླ་འདིའི་ཚེས་༦ ཉིན་ནི་༧གོང་ས་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ ཕྱི་ལུགས་ལྟར་དགུང་གྲངས་༧༥ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཡིན་པ་དང།

དེའི་ཉིན་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་ དུ་༧གོང་ས་མཆོག་ཆེད་ཕེབས་གནང་བ་དང། དེ་བཞིན་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་དང། གཞན་ཡང་བཙན་བྱོལ་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཕྱི་ལོག་ནས་ཕེབས་པའི་རྒྱ་རིགས་སྐུ་མགྲོན་ཁག་ཅིག་དང། ཕྱི་རྒྱལ་ཡུལ་གྲུ་དུ་མ་ནས་ཕེབས་པའི་སྐུ་མགྲོན་སོགས་སེར་སྐྱ་སྟོང་ཕྲག་དུ་མ་ ཆར་པ་ཤུགས་ཆེན་བབས་ཀྱང་མ་འཛེམས་པར་འཚང་ཀའི་ངང་འདུ་འཛོམས་བྱུང་སོང།

མཛད་སྒོའི་ཐོག་རྒྱ་གར་གྱི་ཨཱ་མར་ཨུ་ཇལ་ཞེས་ པའི་ཧིན་དྷིའི་སྐད་ཀྱི་གསར་ཤོག་ལས་ཁུངས་དང། དྷ་རམ་ས་ལའི་རྒྱ་གར་གྱི་(lions club) ཚོགས་པ་གཉིས་ཀྱི་འཚམ་འདྲིའི་ཤིས་ཤོག་ཕུལ་བ་དང། དེ་བཞིན་གཞུང་ཞབས་ལོ་༢༥ འཁོར་བའི་སྲི་ཞུ་བ་གཉིས་དང། ལས་དོན་གཟེངས་ཐོན་གཞུང་ཞབས་གཉིས་ལ་༧གོང་ས་མཆོག་གིས་ལེགས་སྐྱེས་བསྩལ་སོང།

དེ་རྗེས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་བཞིན་སྨན་ རྩིས་ཁང་གི་སྨན་སྦྱོར་ཁང་དེབ་སྐྱེལ་གནང་གཏན་ཁེལ་བས་དེབ་སྐྱེལ་ཕྱག་ཁྱེར་བཀའ་ ཁྲི་མཆོག་གིས་དབུ་འབྱེད་གནང་བ་སོགས་ཀྱི་མཛད་རིམ་གྲུབ་རྗེས། བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཤག་གི་གསུང་བཤད་དང། སྤྱི་འཐུས་ཚོགས་གཙོ་མཆོག་གི་སྤྱི་འཐུས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་སོང།

དེ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོས་སེར་སྐྱ་མི་མང་རྣམས་ལ་བཀའ་སློབ་བསྩལ་ དོན། བོད་ནང་གི་སེར་སྐྱ་མི་མང་ཚོས་སེམས་ནང་དུ་ དད་པ་ཡོད་རུང། ཕྱི་ལོགས་སུ་རྣམ་འགྱུར་སྟོན་མི་ཆོག་པ་ཆགས་བསྡད་ཡོད་རེད། དེ་འདྲའི་གནས་སྟངས་ཀྱི་འོག་ནས་སེམས་ཀྱི་ནང་དུ་དད་པ་དང། དམ་ཚིག་ཡིད་ཆེས་གཡོ་བ་མེད་པ་བྱས་ནས་བསྡད་ཡོད་དུས། དེ་དག་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་ཚོ་རང་དབང་ལུང་པའི་ནང་དུ་ཡོད་པའི་བོད་མི་དང་རྒྱ་གར་གཙོ་བོར་གྱུར་པའི་ ཡུལ་གྲུ་ཁག་ལ་ཡོད་པའི་ནང་ནས་དེ་རིང་ངའི་སྐྱེས་སྐར་གྱི་དུས་ཚེས་ཐོག་ལ་སྨོན་ ལམ་རྒྱག་པ་དེ་འདྲ་གནང་གི་ཡོད་རེད། ཚང་མ་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།

ངས་དེ་རིང་དམིགས་བསལ་ཞུ་རྒྱུ་མི་འདུག ང་རང་སྐྱེས་སྐར་གྱི་དུས་ཆེན་ཉིན་རང་གིས་རང་ལ་བསྟོད་པ་བྱེད་བསྡད་ནའང་ཡག་པོ་ ཞིག་མི་འདུག ཡང་སྨད་པ་བྱེད་བསྡད་ནའང་འགྲིག་ཐབས་ཡོད་མ་རེད། དེ་འདྲ་ཡིན་སྟབས་ང་ལ་ཞེ་དྲག་ཞུ་རྒྱུ་མེད། ངའི་མདུན་གྱི་པར་དེ་ཚོར་བལྟས་པ་ཡིན་ན། ང་ཆུང་ཆུང་སྐབས་སྐུ་འབུམ་ལ་ཡོད་པའི་སྐབས་དང། དེ་ནས་ལྷ་སར་སླེབས་ཚར་ཙམ་གྱི་པར། དེ་ནས་མར་བལྟ་ཡོང་དུས་སོ་སོའི་མི་ཚེ་དེ་འཕྲོ་བརླག་རང་མིན་པ་ཞིག་མཐོང་གི་ འདུག

ང་རང་ག་དུས་ཡིན་ཡང་རྨི་ལམ་ཚུན་ཆད་ལ་ང་དགེ་སློང་ཡིན་བསམ་པའི་སྤོབས་པ་ཞིག་ རྟག་པར་ཡོང་གི་ཡོད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནས་བཟུང་དེ་ནས་རིམ་པས་སངས་རྒྱས་ཀྱི་ཆོས་ བརྒྱུད་སྤྱི་དང། ལྷག་པར་དུ་དཔལ་ནཱ་ལེནྜའི་ཆོས་བརྒྱུད་ཀྱི་བསྟན་བཅོས་མང་པོ་བོད་ཡིག་ལ་བསྒྱུར་ ཡོད་རེད། ངས་ནམ་རྒྱུན་རྟག་པར་དེ་དག་ང་ཚོའི་སློབ་དེབ་རེད་ཅེས་བཤད་ཀྱི་ཡོད་པ་ནང་བཞིན། ང་རང་ངོས་ནས་དེ་དག་ལ་སྦྱངས་ནས་ཡོང་བ་རེད། དུས་ད་ལྟ་ལོ་བདུན་ཅུ་དོན་ལྔ་ལ་སླེབས་བསྡད་ ཡོད་རེད། ཡིན་ཡང་དུས་ཚོད་གང་ཡོད་ལ་གཞུང་དེ་ཚོར་རྟག་པར་བལྟ་ཡི་ཡོད། ཞེ་དྲག་ཕན་ཐོགས་ཡོང་གི་འདུག སོ་སོའི་རྣམ་དཔྱོད་འཕེལ་བ་དང། བློ་མིག་ཡངས་པོར་ཕྱེ་བ། དེའི་རྐྱེན་པས་རང་ཉིད་ཀྱི་སེམས་སྐྱིད་པ། སེམས་སྐྱིད་པ་ལ་བརྟེན་ནས་ལུས་བདེ་བ། སོ་སོར་ཉམས་མྱོང་བྱུང་བསྡད་པ་དེ་ང་ཚོ་མིའི་གྲོགས་པོ་རིགས་དང་རུས། ཆོས་ལུགས་དབྱེ་བ་མེད་པ་བྱས་ནས་སུ་ལ་ཡིན་ཡང། མི་གཅིག་པ་རེད། བདེ་བ་འདོད་པ་གཅིག་པ་རེད། སྡུག་བསྔལ་མི་འདོད་པ་གཅིག་པ་རེད། སྡུག་བསྔལ་སེལ་བ་དང། བདེ་བ་སྒྲུབ་པའི་ཐོབ་ཐང་ཡོད་པ་གཅིག་པ་རེད།

ཡིན་ན་ཡང་བདེ་སྐྱིད་སྒྲུབ་ཐབས་དེ་མི་མང་པོ་ཞིག་གིས་ཕྱིའི་དངོས་པོ་དང། དབང་བྱུང་ན་དེས་བདེ་སྐྱིད་བསྐྲུན་པ་ཞིག་མཐོང་གི་ཡོད་རེད། དེ་རེད་མི་འདུག དབང་ཡོད་པ། དཔལ་འབྱོར་ཡོད་པ་དེ་ཚོ་སེམས་སྡུག་བསྔལ་གྱི་ཁུང་བུར་ཚུད་བསྡད་པ་དེ་འདྲ་མང་ པོ་མཐོང་རྒྱུ་འདུག ནང་སེམས་ལ་ཞི་བདེ་ཡོད་ན། ཕྱིའི་མཐུན་རྐྱེན་མེད་ན་ཡང་སེམས་གཏིང་ནས་བག་ཕེབས་པ། སྣང་བ་སྐྱིད་པ། དེ་འདྲ་ཡོང་གི་ཡོད་པ་རེད། རང་ཉིད་བག་ཕེབས་པ་དང་སྣང་བ་སྐྱིད་པ་ཙམ་དུ་མ་ ཟད། འཛམ་བུ་གླིང་འདིའི་སྒང་ལ་མི་གཞན་དག་ལ་རྙོག་གྲ་ བཟོ་ཡི་མ་རེད། དངུལ་དང་དབང་ཤུགས་ཡོད་མཁན་གྱི་རྙོག་གྲ་ཞེ་དྲག་བཟོ་ཡི་འདུག དེ་འདྲ་ཡིན་དུས་སེམས་ཀྱི་ཞི་བདེ་ཡོད་ན་རང་སྐྱིད་པ། གཞན་བདེ་བ། གནས་སྐབས་སྐྱིད་པ་མཐར་ཐུག་བདེ་བ་ཡོང་བ་ཞིག་རེད་འདུག

དེར་བརྟེན་ལོ་རྒན་འདིར་སླེབས་པའི་བར་དུ་གང་ལྟར་ག་ཚད་ཐུབ་ཐུབ་ཀྱིས་སྤྱིར་ སངས་རྒྱས་བཅོམ་ལྡན་འདས་ཀྱི་བསླབ་བྱ། ཡང་སྒོས་དཔལ་ནཱ་ལེནྜའི་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གིས་བསླབ་བྱས་ངའི་ མི་ཚེ་འདི་ཚར་བའི་བཟོ་འདྲ་ཞིག་རེད། དེའི་ཐོག་ནས་མི་ལ་ཕན་ཐོགས་གང་འཚམ་བྱེད་ཐུབ་ཀྱི་ཡོད་རེད། མ་ཤི་བར་དུ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཞིག་གི་ངོས་ནས་ག་ཚད་ཐུབ་ ཐུབ་ཀྱིས་མི་ལ་ཕན་ཐོགས་བྱེད་བསམ་པ་དེ་ངའི་བསམ་བློ་རེད། དེ་རིང་ཆར་རྡུང་ཞེ་དྲག་བཟེད་ཀྱི་འདུག གཟབ་གཟབ་བྱས་ན་མ་གཏོགས་ན་ཡོང། གཞན་ཞུ་རྒྱུ་མེད། ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་སོང།

དེ་རྗེས་བོད་གཞུང་ཟློས་གར་ཚོགས་པ་སོགས། ཚོགས་པ་ཁག་དང། སློབ་གྲྭ་ཁག་གིས་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་གཞས་སྣ་ཁག་ གཟིགས་འབུལ་ཞུས་ནས་མཛད་སྒོ་ལེགས་འགྲུབ་བྱུང་ཡོད་པ་རེད།། བོད་ཀྱི་བང་ཆེན་ལས་འདྲེན་བཀོད་བྱས།

 

 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )